完整藏文原文 · 德格版页 当前仅加载第 87 函德格 201b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྡུག་བསྔལ་བ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་བརྗོད་དོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་གང་གིས་བཤགས་པའི་སེམས་བསྐྱེད་
D502.087.0201b01.01པ་དེས་དུས་ཐམས་ཅད་པའི་སྡིག་པ་ཐམས་ཅད་བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་མཁྱེན་པ་དེ་བཞིན་དུ་བཤགས་པར་བགྱིའོ་ཞེས་བྱ་བའམ། ནུས་པ་ཇི་ལྟ་བ་བཞིན་དུ་བཤགས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་
D502.087.0201b02.01གྱུར་པ་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམ་པར་སྦྱོང་བར་བྱེད་པའི་དུས་གསུམ་དུ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམས་ལ་རྗེས་སུ་ཡི་རང་སྟེ། ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་
D502.087.0201b03.01པ་དེ་བཞིན་དུ་རྗེས་སུ་ཡི་རང་ཞེས་བྱ་བའམ། ནུས་པ་ཅི་ལྟ་བ་བཞིན་དུ་རྗེས་སུ་ཡི་རང་བར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པ་ན་བདག་གི་མེད་པ་ཡོངས་སུ་འཛིན་པ་མེད་པ་ཐང་དང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་དང་། རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པས་
D502.087.0201b04.01མཆོད་པའི་ཐབས་ལ་གོམས་པར་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་ཐམས་ཅད་ལ་དབུལ་ཞིང་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྒྱ་ཆེ་ཞིང་གྱ་ནོམ་པ་མཆོད་
D502.087.0201b05.01པའི་སྤྲིན་རབ་འབྱམ་རྣམས་བདག་གི་སྨོན་ལམ་དང་། བསོད་ནམས་ཀྱི་སྟོབས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་སོ་སོར་འབྱུང་བར་གྱུར་ཅིག་ཅེས་བརྗོད་ལ། དེ་ལྟ་བུའི་མཆོད་པ་ཆེན་པོ་མངོན་པར་སྒྲུབ་པར་
D502.087.0201b06.01བྱེད་པའི་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡང་ལན་བརྒྱད་ཀྱི་བར་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཨུངྒ་ཏེ་སྥར་ཎ་ཧི་མཾ། ག་ག་ན་ཁཾ་ས་མནྟཱ་ཏ་སྭཱ་ཧཱ། དེ་ནས་གཞན་མ་ཡིན་པར་མཆོད་པ་རྣམས་དེ་བཞིན་དུ་ཡང་དག་པར་འབྱུང་བར་འགྱུར་རོ། །
D502.087.0201b07.01