藏传佛教 · 德格甘珠尔 · 律藏

德格《甘珠尔》D3

'dul ba rnam par 'byed pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D3

完整藏文原文 · 德格版页 当前仅加载第 7 函德格 211b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་

D3.007.0211b01.01
2

བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཆི་ལྟས་ལ་རྨས་པ། འཆི་ལྟས་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་

D3.007.0211b02.01
3

བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་

D3.007.0211b03.01
4

དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་

D3.007.0211b04.01
5

ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་

D3.007.0211b05.01
6

པ་བདག་གིས་ཤེས་སོ་ཞེས་ཟེར་ན། དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་

D3.007.0211b06.01
7

གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་

D3.007.0211b07.01